སེམས་ལྗོངས

སེམས་ལྗོངས

gewog img
སེམས་ལྗོངས

སེམས་ལྗོངས་རྒེད་འོག་གི་ས་ཁྱོན་རྒྱ་ཚད་ཀི་ལོ་མི་ཊར་ ༡༤.༥ གྲུབ་བཞི་དང་ མཐོ་ཚད་རྒྱ་མཚོའི་ཚད་ལས་ མི་ཊར་ ༩༠༠ ལས་ ༡༦༠༠ དེ་ཅིག་ཡོདཔ་ཨིན། རྫོང་ཁག་ལྟེ་བ་ལས་ ཤར་ཕྱོགས་ཁ་ཐུག་ ཀི་ལོ་མི་ཀྲར་ ༢༠ གི་ས་ཁར་ཆགས་ཡོད། རྒེད་འོག་དེའི་ནང་ལུ་ གཡུས་ཚན་སྦོམ་ ལྔ་ཡོད་མི་ཚུ་ཡང་ བཀྲིས་གླིང་སྟོད་དང་། བཀྲིས་གླིང་སྨད། འཛོམས་གླིང་། རེ་སྒང་། བདེ་སྐྱིད་གླིང་དང་ རྒེད་འོག་འཁོར་ལམ་ ཀི་ལོ་མི་ཊར་ ༧.༥ གིས་མཐུད་དེ་ཡོདཔ་ཨིན།  ཀི་ལོ་མི་ཊར་ ༡༥ གི་ཞིང་ལམ་དེ་གིས་ ཚོང་འབྲེལ་འཐབ་ནི་དང་ གཞི་རྟེན་མཐུན་རྐྱེན་སྤྱོད་ནི་ཡར་དྲག་སོང་ཡོདཔ་ཨིན།

ས་ནམ་ཐོད་སྐྱེད་ཀྱི་དོན་ལུ་ ཁྱབ་ཆེ་ཤོས་སྐམ་ཞིང་དང་ཆུ་ཞིང་ཡང་ཟ་སྤྱོད་འབད་དོ་ཡོདཔ་དང་ གེ་ཟ་དང་བྱཱར་དེ་ འཚོ་བ་གཙོ་བོ་ཅིག་ཨིནམ་ལས་ འབོར་ཆེ་ཏོག་ཏོ་སྦེ་བཏབ་ཨིན། དེ་མ་ཚད་ ཚོད་བསྲེ་གི་རིགས་ཚུ་ཡང་འབོར་ཆེ་སུ་བཏབ་སྟེ་ ཁྲོམ་ཁར་ཚོང་འབྲེལ་འཐབ་ཨིན།  དངུལ་ཐོག་ ཚལ་ལུ་དང་ཨ་ལཱན་ཅི་དེ་ མི་སེར་ཚུ་གི་འོང་འབབ་བཟོ་ནི་ཐོན་ཁུངས་གཙོ་བོ་ཅིག་ཨིན། རྒེད་འོག་དེ་ རིའི་སྐེད་པར་གད་པ་གུར་ཆགས་ཏེ་ཡོད་རུང་ ས་བཅུད་དང་ལྡནམ་སྦེ་ཡོད་ནི་འདི་གིས་ མི་སེར་ཞིང་པ་ཚུ་གིས་ལོ་ཐོག་ག་ཅི་བཏབ་རུང་ལེགས་ཤོམ་སྦེ་འཚོཝ་ཨིན།

སྒོ་ནོར་འཚོ་སྐྱོང་འཐབ་ནི་དེ་ཁག་ཆེཝཅིག་ཨིན་མི་འདི་ཡང་ཐོན་ཁུངས་ལྷག་ལུས་ཚུ་ཚོང་འབྲེལ་འཐབ་སྟེ་ མི་སེར་གྱི་དངུལ་གྱི་འོང་འབབ་ལྷན་ཐབས་ཀྱི་དོན་ལུ་ཨིན། རྒེད་འོག་ནང་འཁོད་ཀྱི་ གསོ་བའི་ཞབས་ཏོགས་ཚུ་ཡང་ གཞི་རྟེན་སྨན་ཁང་གསརཔ་རྐྱབ་ཡོད་མི་དེ་ལས་ལེན་དོ་ཡོདཔ་ཨིན། ལོ་ལྔའི་འཆར་ཞི་བཅུ་པའི་ནང་ ཁྱིམ་གུང་ག་ར་གཙང་སྦྲ་ལྡན་པའི་འཐུང་ཆུའི་ཆུ་དུང་དང་ གློག་མེ་ཚུ་མཐུདཔ་ཡོདཔ་ཨིན།