བར་གཤོང

བར་གཤོང

gewog img
barshong

བར་གཤོང་རྒེད་འོག་འདི་ རྩི་རང་རྫོང་ཁག་གི་ནུབ་ཕྱོགས་ཁ་ཐུག་ལུ་ སའི་རྒྱ་ཚད་བསྡོམས་ཀྱིས་ ཀི་ལོ་མི་ཊར་གྲུ་བཞི་ ༢༡.༢ དང་ རྒྱ་མཚོ་ལས་མཐོ་ཚད་མི་ཊར་ ༧༠༠ ལས་ ༡༥༠༠ གི་བར་ན་ཡོད། ས་གནས་འདི་གི་ས་ཆ་བརྒྱ་ཆ་ ༥༢.༨༣ དེ་ཅིག་ནགས་ཚལ་གྱིས་ཁྱབ་སྟེ་ཡོད་པའི་ཁར་ མང་ཤོས་ཅིག་འདབ་མ་སྦོམ་གྱི་རིགས་ཀྱིས་གང་སྟེ་ཡོད། རྒེད་འོག་ནང་སྐམ་ཞིང་བསྡོམས་ཨེ་ཀར་ ༥༧༥.༢༤ དང་། ཆུ་ཞིང་ཨེ་ཀར་ ༢༥༤.༦ ། ཤིང་འབྲས་ལྡུམ་ར་ཨེ་ཀར་ ༥༧.༢༥ ། ཨ་ལཱན་ཅི་ཨེ་ཀར་ ༩.༨ ཡོད། ཡོངས་གྲགས་ཡོད་པའི་ཁ་སྐད་ཡང་ ལྷོ་མཚམས་ཁ། ཏ་མང་། མོང་གར། སུ་བྷ་ཚུ་ཨིན། རྒེད་འོག་འདི་ སྤྱི་འོག་༥ ལུ་བགོ་སྟེ་ཡོད་མི་ཡང་ བར་གཤོང་སྟོད་དང་། བར་གཤོང་སྨད། གངས་ཏོ་ཁ། བཅུ་གཉིས་ཁང་། སྟོའི་སང་ཚུ་ཨིན་པའི་ཁར་ བདག་སྐྱོང་ལྟེ་བ་དང་རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ལྟེ་བ་ཡང་བར་གཤོང་སྟོད་ལུ་ཆགས་ཏེ་ཡོདཔ་ཨིན། སྤྱི་འོག་ ༥ ཡོད་ས་ལས་བཅུ་གཉིས་ཁང་དང་སྟོའི་སང་སྤྱི་འོག་གཉིས་ལུ་འཁོར་ལམ་མེད། སྤྱི་འོག་དེའི་ནང་ ཁྱིམ་གུང་བསྡོམས་ ༣༣༠ དང་ མི་རློབས་ ༢༣༨༣ ༼ཕོ་ ༡༢༣༩ དང་མོ་ ༡༡༤༤༽ གཡུས་ཚན་ཁག་ ༩ ནང་ཁ་གཏོར་ཏེ་ཡོད། རྒེད་འོག་ལྟེ་བ་འདི་ རྩི་རང་རྫོང་ཁག་བདག་སྐྱོང་ལས་ཀི་ལོ་མི་ཀྲར་ ༢༨ གི་ས་ཁར་ཡོད། ཕན་ཐོགས་ཅན་གྱི་ སོ་ནམ་སྐྱེ་ལྡན་གནས་སྟངས་ཀྱིས་རྒེད་འོག་འདིའི་ནང་ སོ་ནམ་གྱི་ལཱ་མ་འདྲཝ་འབྲུ་སྣ་དང་ལྡུམ་རའི་ལཱ་ལུ་ནུས་ཤུགས་སྦོམ་བྱིནམ་ཨིན། དེ་ཡང་ རེད། གེ་ཟ། མར་ཁུའི་སོན་དང་ཀར་ཚུ་འབྲུ་སྣ་ངོ་མ་དང་ ཚལ་ལུ་འདི་དངུལ་ཐོག་ལཱ་དང་མི་སེར་ཚུ་ལུ་འོང་འབབ་ངོ་མ་ཅིག་ཨིན། སྒོ་ནོར་སེམས་ཅན་གསོ་ནི་འདི་ཡང་ ཟས་བཅུད་ཅན་བྱིན་མི་དང་སྒོ་ནོར་ཐོན་སྐྱེད་ལྷག་ལུས་བཙོངས་ཏེ་འོང་འབབ་བཟོ་མི་ཁག་ཆེ་བའི་ལཱ་ཅིག་ཨིན། སྐམ་ཞིང་ཡོད་མིའི་ཁྱིམ་གུང་ཚུ་ལུ་ རེད་འདི་འོང་འབབ་ཐོན་ཁུངས་ངོ་མ་དང་། སྐམ་ཞིང་མེད་མི་ཚུ་ལུ་ ཚལ་ལུ་དང་། སྒོ་ནོར་ཐོན་ཁུངས། ཚོད་བསྲེ། གཞན་ཡང་ཞིང་གི་ལཱ་མེད་པའི་ཤིང་བཟོ་དང་ཤིང་ཆས་ཚུ་ཨིན། སོ་ནམ་དང་སྒོ་ནོར་གྱི་ཞབས་ཏོག་ཚུ་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བ་གིས་བྱིནམ་ཨིན། དེ་བཟུམ་སྦེ་ ད་ལྟོ་གསོ་བའི་ཞབས་ཏོག་འདི་ གངས་ཏོག་ཁ་གཞི་རྟེན་སྨན་ཁང་ལས་ལེནམ་ཨིན། འབྲི་ལྷག་ཤེས་ཡོན་གྱིགནས་ཚད་བརྒྱ་ཆ་ ༨༨ ཡོདཔ་དང་ ཤེས་རིག་གི་ཞབས་ཏོག་ལངམ་སྦེ་ཕུལ་མི་ བར་གཤོང་སློབ་གྲྭ་ཆུང་བ་རྐྱངམ་ཅིག་ཨིན། རྒེད་འོག་ནང་ལུ་ལཱ་འབད་མི་གཞི་གཡོགཔ་ ༡༩ ཡོདཔ་དང་ རྒེད་འོག་དེ་ ཀི་ལོ་མི་ཊར་ ༩.༨ འབད་མི་རྒེད་འོག་ལྟེ་བའིའཁོར་ལམ་གྱིས་ མནྜལ་སྒང་ལས་བར་གཤོང་རྒེད་འོག་་ལྟེ་བ་ལུ་མཐུད་ཡོདཔ་དང་ སོ་ནམ་འཁོར་ལམ་ ཀི་ལོ་མི་ཊར་ ༢༣.༡༤ ཡོདཔ་ཨིན།༌ ད་ལྟོ་ཞིང་ཆུ་ཁག་ ༤༩ དྲང་ནིའི་འཆར་གཞི་ཚུ་ ༼ཀི་ལོ་མི་ཊར་ ༢༤.༥༥༽ཡོདཔ་ཨིན། རྒེད་འོག་ནང་ཡོད་པའི་ཁྱིམ་གུང་བརྒྱ་ཆ ༩༨.༣༩ གློག་མེ་གིས་ཁྱབ་སྟེ་ཡོད། མི་སྡེ་ལྟེ་བ་གིས་མི་སེར་ཆ་མཉམ་ལུ་ བརྡ་དོན་འཕྲུལ་རིག་གི་ཞབས་ཏོག་སྤྱོད་ནིའི་ལུ་ཕན་ཐོགས་སྦོམ་སྦེ་བྱུང་ཡོདཔ་ཨིན།