གདུང་ལ་གངས།

གདུང་ལ་གངས།

gewog img
gewog-pic

གདུང་ལ་གངས།

གདུང་ལ་གངས་རྒེད་འོག་འདི་རྩི་རང་རྫོང་ཁག་མངའ་འོག་ལུ་ཡོད་པའི་རྒེད་འོག་༡༢ ལས་གཅིག་ཨིན། རྒེད་འོག་དེ་གི་ས་མཚམས་ཡང་དཀྱིལ་འཁོར་ཐང་ནུབ་ཕྱོགས་ གསར་སྤང་རྫོང་ཁག་ཤར་ཁ་ཐུག་ སེམས་ལྗོངས་རྒེད་འོག་ལྷོ་ཁ་ཐུག་དང་བྱང་ཁ་ཐུག་པ་ཚལ་གླིང་རྒེད་འོག་ཡོདཔ་ཨིན། གདུང་ལ་གངས་རྒེད་འོག་འདི་ཡར་རྒྱས་དམའ་ཤོས་ཡོད་པའི་རྒེད་འོག་ཅིག་ཨིན། ཨིན་རུང་ རྒེད་འོག་ལྟེ་བའི་ནང་འཁོར་ལམ་དང་གློག་མེ་ལྷོད་ཞིནམ་ལས་མི་སེར་གྱི་འཚོ་བའི་གནས་སྟངས་ཡར་རྒྱས་སོང་སྟེ་ཡོད། རྒེད་འོག་དེའི་ནང་ མི་སྡེ་སློབ་གྲྭ་གཅིག་དང་། གཞི་རྟེན་གསོ་བའི་སྨན་ཁང་གཅིག། གྲོང་གསེབ་སྨན་ཁང་གཅིག་ཡོད་པའི་ཁར་ རང་བཞིན་སླར་འབྱུང་རྒྱ་སྐྱེད་ཞབས་ཏོག་སྤེལ་ནིའི་དོན་ལུ་ སོ་ནམ། ནགས་ཚལ་དང་ སྒོ་ནོར་རྒྱ་སྐྱེད་ལྟེ་བ་གཅིག་ཡོདཔ་ཨིན། རྒེད་འོག་ནང་གི་མི་སེར་ཚུ་གིས་ འབྲུ་སྣ་གི་རིགས་ལས་མང་ཤོས་ར་ གེ་ཟ་དང་། ཀར། རེད་ཚུ་བཏབ་དོ་ཡོདཔ་ཨིན། རྒེད་ནང་ལུ་ཡོད་པའི་སྤྲིང་ཟམ་གཉིས་ཀྱིས་རྒེད་འོག་གཞན་དང་འབྲེལ་མཐུད་འབདཝ་ཨིན། རྒེད་འོག་གི་སའི་རྒྱ་ཚད་ཀི་ལོ་མི་ཊར་ ༤༥༩ གྲུ་བཞི་ཡོད་ས་ལས་ ཨེ་ཀར་ ༢༠༧.༨༦ དེ་ཅིག་ཆུ་ཞིང་དང་། ཨེ་ཀར་ ༦༡༧.༥༥ དེ་ཅིག་སྐམ་ཞིང་། ཨེ་ཀར་ ༧༤.༢༢ དེ་ཅིག་རྩེ་རི། གཞན་ག་ར་ཚལ་མ་སྦེ་ཡོདཔ་ཨིན། རྒེད་འོག་གི་སའི་མཐོ་ཚད་རྒྱ་མཚོ་ལས་  མི་ཊར་ ༩༠༠-༡༥༠༠ དེ་ཅིག་ས་ཁར་ཡོད། སའི་དབྱིབས་ཡང་ སྤོ་ཏོ་དང་། གྱེན་གཟར་དྲགས། དམའ་ས་ཚུ་ཡོདཔ་ཨིན། གནམ་བྱཱར་གྱི་སྐབས་ལུ་ཚ་ཏོག་གོ་དང་དགུན་གྱི་དུས་ལུ་ཁོད་སི་སི་སྦེ་ཡོད། ལོ་བསྟར་གྱི་ཆར་ཆུ་གི་དཔྱ་སྙོམས་མི་ལི་མི་ཊར་ ༨༥༠-༩༨༠ དེ་ཅིག་འབབ་དོ་ཡོདཔ་ཨིན། རྒེད་འོག་ནང་ལུ་ ཁྱིམ་གུང་ ༣༦༥ དང་ མི་རློབས་ ༣༡༨༠ ཡོད་ས་ལས་ཕོ་ ༡༦༤༩ དང་ མོ་ ༡༥༣༡ ཡོདཔ་ཨིན། རྒེད་འོག་བདག་སྐྱོང་གི་ཡིག་ཚང་ཡང་ ས་གནས་འཁོར་ས་གནས་ཟེར་ ཁེ་རི་ཐང་སྤྱི་འོག་གི་སྦུག་ལུ་ཆགས་ཏེ་ཡོད། རྒཔོ་འདི་འཙག་འཐུ་ལས་གྲུབ་པའི་ཁྲི་འཛིན་འབད་ནི་འདི་གིས་ ཡར་རྒྱས་ཀྱི་ལས་སྣ་ཚུ་ག་ར་ལྟཝ་ཨིནམ་དང་ རྒེད་འོག་ཚོགས་འདུ་དེ་མངོན་པར་མཐོ་བའི་ཐག་བཅད་འདུས་ཚོགས་ཨིན། གདུང་ལ་གངས་རྒེད་འོག་འདི་སོ་ནམ་ཞིང་ལམ་གྱིས་མཐུད་དེ་ཡོདཔ་དང་ རྫོང་ཁག་ལས་རྒེད་འོག་ལྟེ་བའི་ནང་འགྱོ་དགོ་པ་ཅིན་ ཀི་ལོ་མི་ཊར་ ༡༠ དེ་ཅིག་སོ་ནམ་ཞིང་ལམ་དང་ཀི་ལོ་མི་ཀྲར་ ༤ དེ་ཅིག་རྡོ་གཞིབ་ལམ་ལས་ ཅང་ཅེ་ཁ་ཐུག་ལུ་འགྱོ་དགོ། རྒེད་འོག་གི་དཀྱུས་ཚད་བསྡོམས་ཀྱིས་ཀི་ལོ་མི་ཊར་ ༢༢ ཡོད་པའི་ཁར་སྤྱི་འོག་བཞི་ཡོད། ནོར་གྱངས་ས་ཁ་ཐུག་སོ་ནམ་ཞིང་ལམ་ཀི་ལོ་མི་ཊར་ ༣.༤ འབད་མི་དེ་ རྒེད་འོག་གནང་སྦྱིན་མ་དངུལ་ཐོག་ལས་སྤྱི་ལོ་ ༢༠༡༤ ལུ་མཇུག་བསྡུ་ཡོདཔ་ཨིན། མི་སེར་ཁྱིམ་གུང་ ༢༨ གིས་ གུང་རེ་ལས་དངུལ་ཀྲམ་ ༧༢༠༠ རེ་བསྡུ་ལེན་འབད་དེ་ སོ་ནམ་ཞིང་ལམ་ཀི་ལོ་མི་ཊར་ ༣ སེལ་མི་དེ་གིས་ ས་གནས་འཁོར་ས་གནས་སྟོད་དང་མཐུད་དོ་ཡོདཔ་མ་ཚད་ ས་གནས་མི་སེར་གྱིས་བསལ་ཡོད་པའི་ཞིང་ལམ་ཀི་ལོ་མི་ཊར་ ༢.༨ འབད་མི་དེ་གིས་སྟོད་དངས་རས་བུ་མཐུད་ཡོདཔ་ཨིན།